དྲན་གླུ་ཡིད་ཀྱི་འཁྲི་ཤིང་།
ཚིག བསམ་གཏན་དབང་ཕྱུག
དབྱངས། བདུད་བྷེ།
ལེམ་མཁན། ཀུན་དགའ།
དམར་སེར་མཚམས་སྤྲིན་གསར་པ།
ཤར་རི་རྩེ་ནས་དགོད་ཚེ།
ཐུགས་རྗེའི་འོད་སྟོང་ལྡན་པའི།
ཕ་གཅིག་བླ་མ་དྲན་བྱུང་།
ཕ་གཅིག་བླ་མ་དྲན་བྱུང་།
གསེར་ལྡན་འཛིན་མའི་ཕང་ནས།
འདབ་བརྒྱའི་མེ་ཏོག་བཞད་ཚེ།
བསླབ་གསུམ་ཁྲིམས་ཀྱིས་མཛེས་པའི།
རྣམ་བཞིའི་འཁོར་ཚོགས་དྲན་བྱུང་།
རྣམ་བཞིའི་འཁོར་ཚོགས་དྲན་བྱུང་།
དྲི་མེད་སྟོན་མཚན་དབྱིབས་ནས།
རྒྱུ་སྐར་དུང་ཕྲེང་ངོམ་ཚེ།
གྲངས་མེད་ཕ་མཐར་རྒལ་བའི།
དགོན་ཆེན་ཆོས་སྡེ་དྲན་བྱུང་།
དགོན་ཆེན་ཆོས་སྡེ་དྲན་བྱུང་།
རྨད་བྱུང་གནས་མཆོག་འབུམ་གྱི།
ངོ་མཚར་ལོ་རྒྱུས་མཇལ་ཚེ།
བསླུ་མེད་བདེན་དཔུང་ངོམ་པའི།
ཁམས་ཀྱི་སྟག་ཚང་དྲན་བྱུང་།
ཁམས་ཀྱི་སྟག་ཚང་དྲན་བྱུང་།
མཚར་སྡུག་ཆུ་འཛིན་དབུས་ནས།
དབྱར་རྔའི་གསུང་དབྱངས་སྒྲོགས་ཚེ།
ལེགས་བཤད་རོལ་མོ་འཁྲོལ་བའི།
ལྔ་རིག་གླིང་དེ་དྲན་བྱུང་།
ལྔ་རིག་གླིང་དེ་དྲན་བྱུང་།
ལྷིང་འཇགས་གྲུ་ཁ་ཞིག་ནས།
དྲི་གཞོན་རླུང་བུ་ལྡང་ཚེ།
བསམ་གཏན་ཉེར་འཚེ་བྲལ་བའི།
དབེན་པའི་སྒྲུབ་གནས་དྲན་བྱུང་།
དབེན་པའི་སྒྲུབ་གནས་དྲན་བྱུང་།
དབེན་པའི་སྒྲུབ་གནས་དྲན་བྱུང་།