拉吉 - 内外的缘起
作词:曲陀堪布
作曲:嘉央
ཡུལ་རི་ཆུ་ལུང་པ་ནགས་ཚལ་དང་སྤང་ལྗོངས།
ཆག་བཞག་ན་རང་ཁྱིམ་དྲོན་མོ་འདིའི་རང་བཞིན།
ཕྱིའི་གད་སྙིགས་ཕུང་པོ་རང་དགར་དུ་མ་འདོར།
ཡེ་ཡེ་ཡེ། ཁྱིམ་གྲུ་བཞི་མི་གཙང་ལྗན་ལྗིན་གྱིས་གང་ཡོང་།
ཁྱིམ་གྲུ་བཞི་མི་གཙང་ལྗན་ལྗིན་གྱིས་གང་ཡོང་།
ཤིང་ལྗོན་པ་ཡིད་འོང་ལོ་འདབ་ཀྱི་ཕང་ཕོང་།
ཆག་བཞག་ན་ལུས་ཀྱི་ཁྲག་རྩ་དང་རྒྱུས་པ།
རྩྭ་རྩི་ཤིང་བཅད་ནས་འཁོར་ཡུག་ཀུན་མ་བརླགས།
ཡེ་ཡེ་ཡེ། ལུས་ཡན་ལག་འཁུམ་སྟེ་ཞ་བོ་རུ་འགྱུར་འགྲོ།
ལུས་ཡན་ལག་འཁུམ་སྟེ་ཞ་བོ་རུ་འགྱུར་འགྲོ།
མཚོ་མཚེའུ་བཞུར་རྒྱུན་ཆུ་བོ་ཀུན་ཡོད་ཚད།
ཆག་བཞག་ན་རང་ལུས་ཟུངས་ཁྲག་གི་དྭངས་མ།
ཆུ་འབག་བཙོག་དྲི་མས་གཏོར་བརླག་ཏུ་མ་གཏོང་།
ཡེ་ཡེ་ཡེ། ཁྲག་མི་སྙོམ་འཁྲུགས་པས་ནད་པ་རུ་ལོག་འགྲོ།
ཁྲག་མི་སྙོམ་འཁྲུགས་པས་ནད་པ་རུ་ལོག་འགྲོ།
ཕྱིའི་ཡུལ་ལྗོངས་ཡིད་འོང་འཇིག་རྟེན་གྱི་ཞིང་ཁམས།
ཆག་བཞག་ན་རང་ལུས་འདོམ་གང་འདི་ངོ་མ།
ཡུལ་ས་རྐོ་རྡོ་སློག་བྱ་བ་ལ་མ་ཞུགས།
ཡེ་ཡེ་ཡེ། ལུས་ཤ་རུས་བཅད་ནས་རྨས་མ་རུ་འགྱུར་འགྲོ།
ལུས་ཤ་རུས་བཅད་ནས་རྨས་མ་རུ་འགྱུར་འགྲོ།
ཕྱི་འཇིག་རྟེན་སྣོད་ཀྱི་འཁོར་ཡུག་གི་བཀོད་པ།
ནང་རང་ལུས་འདི་ལ་ཆག་བཞག་གིས་དཔྱད་ནས།
ཕྱིའི་འཕྲོད་བསྟེན་བཟང་པོའི་རྩ་བ་ཞིག་ཚུགས་ན།
ཡེ་ཡེ་ཡེ། ནང་ལུས་ཕུང་བརྟན་པའི་གཞི་མ་རུ་འགྱུར་འོང་།
ནང་ལུས་ཕུང་བརྟན་པའི་གཞི་མ་རུ་འགྱུར་འོང་།